༄༅། །དབྱངས་ཀྱི་རྣམ་ཤེས།

སུ་ལ་གསལ་ཆ་མེད། ང་ཚོ་བོད་ཁ་བ་ཅན་ལ་གསལ་ཆ་ཡོད། དེ་ནི་སུ་ཞིག་ཡིན་ནམ། དབྱངས་ཅན་མའི་པི་ཝང་གི་བདག་པོ་སྟེ། དབྱངས་དང་རྒྱུད་སྐུད་ཀྱི་བླ་སྲོག བདུད་འདུལ་རྡོ་རྗེ།
གངས་རིའི་དཔང་དང་རྒྱ་མཚོའི་གཏིང་དུ་བྱིངས་པའི་གླུ་སྐད་ཅིག དཔྱིད་དཔལ་བསུ་བའི་ཕོ་ཉ་སྟེ། རིགས་རུས་སྐྱེད་ཚལ་དུ་མི་རྒྱུད་བཙན་པོ་ཞིག་གི་གླུ་སྐད་མཆེད་དུས། ཁྱོད་རང་སྟེ། ངའི་བླ་དང་སྲོག་གི་བ་དན་གྱི་ཡོ་ལང་། གདངས་དབྱངས་ཤིག་གི་འགྱུར་ཁུགས་དང་བསྡོངས་ནས་གངས་རི་དང་སྤང་ལྗོངས་ཉུལ་ནས། གཙང་བོ་དང་མེ་ཏོག་འཁོར་ནས། སླར་ཡང་ཁུ་བྱུག་གི་གམ་དུ།
ཕ་གིའི་མི་ཚོགས་ཀྱིས་དཀྲོལ་བའི་པི་ཝང་སྟོང་གི་རྒྱུད་སྐུད་ཆད་སོང་ན་ནམ་ ཡང་མི་སྐྱོན། སེམས་སུ་སྒྱུ་རྩལ་སྟོང་བའི་གླུ་བ་བརྒྱ་ཕྲག་གི་ངག་སྒོ་འགག་པ་ནི་ནམ་ཡང་མི་ ཕངས། ཤིན་ཏུ་ཕངས་ཤིང་སེམས་པ་སྨྲེང་བའི་དབྱངས་ཀྱི་འགྱུར་ཁུགས་ཤིག གངས་རིའི་ཕྱི་ནང་མེད་པར། མི་རིགས་དང་ས་ཁོངས་བརྒལ་མཚམས། འདི་ལྟར་ཁྱོད་ཀྱིས་བཞག་སྟེ་ང་ཚོ་དང་གཏན་དུ་གྱེས་སོང་། ད་ནི་ངག་གི་དབང་ཕྱུག་སྟེ། མགྲིན་པ་ལོངས་སྤྱོད་ཀྱི་བདག་མོ། དབྱངས་ཀྱི་ལྷ་མོའི་པི་ཝང་དཀྲོལ་མཁན་དེ་སུ་ཡོད་དམ། སེམས་པ་རྨས་སོང་། སྐུད་པ་ཞིག་སོང་།
༼བརྩེ་ལྡན་གྱི་གངས་ཕྲུག༽སྟེ་དབྱངས་ཀྱི་རྒྱལ་བོ། དཔྱིད་དཔལ་བསུ་བའི་མགྲིན་པ་བདེ་མོ་ཞིག ནགས་ཚལ་དང་མི་ཚོགས་བག་ཕེབས་སྟེར་བའི་ཁུ་བྱུག་སྔོན་མོ། ནམ་ཡང་རྒས་ཉམས་མེད་པར་རིགས་ཀྱི་དར་ལྕེ། ལྷབ་ལྷུབ་གཡོ་བ། གཟི་བརྗིད་ཀྱིས་བསྐྱོད་པ། ཁ་སང་དང་དེ་རིང་མེད་པར། ལོ་དང་ཟླ་བ་མེད་པར། ཕ་ཁྱིམ་གཙང་མས་ཤེས་ཡོད། གངས་རི་དང་གཙང་བོས་ཤེས་ཡོད། རྩྭ་ཐང་དང་ནོར་ལུག་གིས་ཤེས་ཡོད། མི་སྟེ་ཁྱོད་ཀྱིས་མི་དེ་བརྗེད་ག་ལ་སྲིད།
༼ལས་དབང་༽ནི་འདི་འདྲའི་སོ་སོར་རྟག་འགོག་གི་རིག་པའི་རྒྱབ་དཔུང་ཞིག་ཡིན་པ་ ལ་ཨང་། མཁས་དབང་དགེ་ཆོས་ལགས་ཀྱིས་བྲིས་པ་བཞིན། གངས་ལྗོངས་བདུད་བྷེ་ལགས་ཀྱིས་བླངས་པ་བཞིན།
༼འདུ་འབྲལ་སྙིང་བོ་མེད་པའི་གླུ༽སྐྱེ་ཞིང་འཆི་བ་ལ་མཐའ་མེད་པ། ན་ཞིང་རྒ་བ་ལ་རྫོགས་མེད་པ། གླུ་སྐད་དེ་དང་དབྱངས་རྟ་དེ། པི་ཝང་དེ་དང་སྒྱུ་རྩལ་དེ། ཉམས་འགྱུར་དེ་དང་ལང་ཚོ་དེ། མདོར་ན་བོད་ཀྱི་གླུ་བ། སྒྱུ་རྩལ་གྱི་གར་སྟེགས་མཐོ་ས་ནས། གངས་རིའི་དབུ་འཕང་སྐྱོར་མྱོང་ལ། རྒྱ་མཚོའི་ཟབ་ཚད་གཞལ་མྱོང་། ཡིན་ཡང་། ཕྱིར་མི་ལྡོག་པའི་གཏན་ཚིགས་འདིས། འདུ་ཞིང་འབྲལ་བའི་མི་རྟག་འདིས། ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ།
ན་བུན་དང་སྨུག་པ་གཞི་གཅིག་སེམས་ཀྱི་རི་ལ་འཐིབ་པའི་ལོ་སར་གྱི་སྔ་གཞུག་ཏུ། ཁྱོད་རང་ན་ཞིང་གཞན་གྱི་བརྩེ་བ། ཁྱོད་རང་འདས་ཤིང་གཞན་གྱི་སྨྲེང་བ། རྒྱུད་སྐུད་རེ་རེ་དང་འགྲོགས་ཤིང་འདྲིས་ཡོད་ལ། སྙུག་རྩེ་རེ་རེ་དང་ཕབ་གཞུང་རེ་རེར་འགྲོགས་ཡོད། དེ་བས་ཀྱང་ཕྲེང་བ་དང་མ་ཎི་མཉམ་དུ། ཁྱོད་ལ་འཁོར་ཞིང་དྲན་པ་ཡོད་ཚུལ། གླུ་སྐད་ལ་ཉན་ཞོར་སེམས་པ་སྐྱོམས་ཚུལ། ཀྱེ་ཧུད། ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོར་མཁྱེན།
མཚམས་མཚམས་སུ་དྲན་དྲན་ན། ཁྱེད་རང་ལྷག་པར་དགའ་ཞིང་བརྩེ་བ། ཁོངས་ཁྲོ་ལངས་ཤིང་འཕར་བ། ཤ་ཚ་བའི་གཏམ། ཆང་དེ་མི་འཐུང་རྒྱུ་ན་བསམ་བྱུང་། མཆིན་པའི་ནད་དེ་མེད་ན་འདོད་བྱུང་། ད་ནི་ལེ་བདའ་ཚིག་གི་མཐའ་མའོ། །
ཆུང་དུས་ནས་བཟུང་བདག་གི་རྣ་ལ་བྱང་ཞིང་གོམས་པ།༼རི་དྭགས་སྐྱོ་གླུ༽རི་དྭགས་ ཀྱི་སེམས་མཚོན་པར་བྱེད་པའི་བསྡུས་གཟུགས་ཤིག་སྟེ། དབྱངས་ཀྱི་རྣམ་ཤེས། ད་ནི་བདག་གིས་བླངས་ན་འདོད་ཀྱང་མིད་པ་འགག་པའི་རྟ།༼ང་དང་ཁུ་བྱུག༽ད་ལོའི་དབྱར་ ཟླ་འདི་ཡང་ཚེས་པ་འགོར་བ་འདྲ་བའི་དབྱངས་ཤིག  ཁུ་བྱུག་སྔོན་མོ། སུ་ཡིན་གྲོགས་པོ་མིན་ཏེ་གྲོགས་པོ་སྙིང་ན་ཡོད་པ༼ང་དང་གྲོགས་པོ༽ནམ་ཞིག་ངེད་ གཉིས་གྲོགས་པོར་འགྱུར་རམ། ཕྱི་མར་ཆས་པའི་བདུད་བྷེ་ལགས། ད་དུང་༼འབུམ་ཚང་བུ་མོ༽དེ་ལ། ལན་ཆགས་ཤིག་ལོས་ཡོད།༼ཟླ་བཟང་སྒྲོལ་མ༽ཡིན་ན་དེ་རེད། སྨྲེང་བའི་མདུད་པའི་མཚམས་ན། མིག་ཆུར་བརྫིས་པའི་མེ་ཏོག་དེ། འཕྲད་པ། མཐུན་པ། འགལ་བ་ཞིག་ཀྱང་རེད།
ཀྱེ་མ་ཉོན་དང་། སྙན་དབང་གསོ་བའི་བདུད་རྩི་ལགས། ངས་ཀྱང་ཁྱོད་ཀྱིས་བླངས་པའི་གླུ།༼འདུ་འབྲལ་སྙིང་བོ་མེད་པ༽ཀློག་པར་སྤྲོ་བ། རྡོ་སྦིས་དར་རྒྱ་ཀླད་ཀྱི་ལམ་ཐིག་ལ་དྲངས་ཏེ། རང་སེམས་དར་རྒྱ་ཀླད་ཀྱི་གྲང་ངར་དང་བསྡོངས་ནས། ཁྱོད་ཀྱི་གླུ་སྐད་ཀྱི་གདངས་མཐོན་པོ། རྗེ་བཙུན་བྱམས་པ་མགོན་པོའི་ཞབས་དྲུང་དུ་འཁྲིད་ཐུབ་པར་གསོལ་བ་ཕུར་ཚུགས་སུ་ བཏབ་ཡོད། བདེ་བར་བཞུད་དང་དབྱངས་ཀྱི་རྣམ་ཤེས།
དེ་རིང་དྲ་ལམ་ནས་ང་རང་དགའ་སའི་བདུད་བྷེ་ལགས་བོད་ཀྱི་པི་ཝང་དང་ཁ་གྱེས་པ་མཐོང་འཕྲལ་ཡ་རྫི་ནས་བླ་བྲང་ཡོང་བའི་ལམ་བར་ནས་སྦྱར་བའོ། །
རྒྱ་འདུ་སངས་རྒྱས། ཨ་མཆོག ༢༠༡༦ལོའི་ཟླ༢ཚེས༢༨ཉིན།

Leave a Reply