༄༅། །བདུད་བྷེ་ལགས། དབྱངས་ཀྱི་མྱི་བོ།

བདུད་བྷེ་ལགས་ལ་མྱ་ངན་གྱི་ཚབ་ཏུ་བྲིས།
 
གངས་རིའི་ལྟོངས་བར་བྱམས་དུངས་ཀྱིས་ཟུག་པའི་དབྱངས་ཀྱི་རྒྱུད་སྐུད།
སྨན་ཁང་ནས་འདར་གཡུག་བྱས།
ཙག་ཁ་ནས་འཁངས་ལ་བྱས།
དྲ་ཐོག་ནས་འདར་ཙམ་བྱས།
རླུང་གི་ངོགས་ནས་འདར་འདར་བའི་དེ་རིང་།
གློ་བུར་དུ་འདར་མཚམས་ཆད་སོང་།
སྐད་ཅིག་ལ་ཁ་རླངས་འཁྱགས་སོང་།
བདུད་བྷེའི་དབྱངས་ཀྱི་རྒྱུད་སྐུད་སྟེང་འཚོ་བའི་སེམས་ཅན་སྐྱོ་གདུང་ཅན་ཚོ།
ཟང་ཟིང་ལོང་ལོང་གིས་དྲ་ཐོག་ལ་བཤར་ཡོང་སྟེ།
མིག་ཆུ་དཀར་པོ་ཕུད། མ་ཎི་ཡིག་དྲུག་གྱེར།
དབྱངས་ཀྱི་མྱི་བོ་གཤེགས་ན་དེ་འདྲ་ལོས་བྱེད་ཨང་།
སྐྱོ་གདུང་དང་རླབས་ཆེན་གྱིས་འདར་བའི་དབྱངས་ཀྱི་རྗེས་ཤུལ།
རི་ཟོམ་མང་བོར་དཀར་ཆིལ་ལེར་བཀྲམས་ཡོད་པས།
རི་ཁ་དང་ཆུ་རྒྱུད་དག་ལ་ཕོག་པའི་ཉི་ཟེར་ནི་མྱ་ངན་གྱིས་བཟུང་འདུག
སྙན་འཇེབས་དང་འགྱུར་ཁུགས་ལ་བརྒྱུས་པའི་གླུ་ཡི་མཆོད་པ།
མྱི་སེམས་ཁྲི་སྟོང་གི་དད་འདུན་ལ་ཕྲོད་བྱུང་བས།
རྫ་ལམ་དང་གཙང་པོའི་གཞུང་ལ་འཕངས་པའི་སྐུ་ཟམ་ནི་ཕྱོགས་བཞི་ལ་དཔྱངས་འདུག
བདུད་བྷེ་ལགས། དབྱངས་ཀྱི་མྱི་བོ།
ངས་ནི་བོད་ཀྱི་པི་ཝང་གི་དབྱངས་རྟ་ག་དུས་གོ་ན།
དེ་དུས་ཁྱེད་རང་དྲན་རྒྱུ་ཡིན།
ཨ་མདོའི་བདུང་ལེན་གྱི་སྐུད་པ་སུ་ཡིས་དཀྲོལ་ན།
དེ་དུས་ཁྱེད་རང་བསམ་རྒྱུ་ཡིན།
བདུད་བྷེ་ལགས། དབྱངས་ཀྱི་མྱི་བོ།
ཁྱེད་རང་སྐུ་གཤེགས་པ་དེས།
ས་མཐོ་རི་གཙང་གི་ཡུལ་ལྗོངས་ཧྲིལ་པོ་འདར་དུ་བཅུག་ཡོད།
ནང་བཅུད་སེམས་ཅན་གྱི་སྒྱུ་ལུས་གཡར་བོ་དངངས་བར་བྱས་ཡོད།
མ་གཞི་ཁྱེད་རང་སྐུ་གཤེགས་པ་དེས།
ངའི་སྙིང་ཁ་སྒམ་པོ་ཚལ་བར་བཏང་བ་བཤད་སྲོལ་མེད།
ངའི་ནང་སེམས་ཧྲིལ་པོ་རྨས་ལ་ཤོར་བ་སྟོན་སྲོལ་མེད།
བདུད་བྷེ་ལགས། དབྱངས་ཀྱི་མྱི་བོ།
ཁྱེད་རང་ཕྱིར་མིག་ཅིག་ཀྱང་བལྟ་ལོངས་མེད་པར།
པི་ཝང་དཀར་པོ་དཀྲོལ་དབང་མེད་པར།
གློ་བུར་ཕེབས་ཤུལ་ནས།
གངས་རིའི་སུལ་ན་གྱེས་ཤིང་།
གངས་ཀྱི་སུལ་ལ་འཛོམས་པའི་སྡོད་དམངས་ངེད་ཚོའི་སེམས་རྩ་དྲག་ཏུ་ཁོལ་ནའང་།
སྐྱོ་སྡུག་གི་ཨུ་ཧུའི་རྔམ་ཀ
ཤུགས་ཆེན་པོས་ནང་ལ་བརྔུབས་པ་ལས་ཐབས་རྩལ་ག་རེ་ཡོད།
བདུད་བྷེ་ལགས། དབྱངས་ཀྱི་མྱི་བོ།
སྦྲ་རོག་རོག་ཚང་གི་མིག་འདུན་ཀྱི་སེར་ཀ་ནས།
ཁྱེད་ཀྱི་སྐུ་གཟུགས་ཡལ་སོང་ནའང་།
སེམས་དུངས་པ་ཅན་ཚོའི་ཐོས་འཛིན་གྱི་རྒྱུ་ལམ་ན།
ཁྱེད་ཀྱི་གདངས་དབྱངས་ལ་འཆི་བ་མེད་དོ། །
 ཨ་དོན་ཉི། ༢༠༡༦ལོའི་ཟླ༢ཚེས༢༨ཉིན།

Leave a Reply