སྒྲ་སྙན་གྱི་རྒྱུད་སྐུད་ཆད་པ།


འཕང་།
࿐བོད་ཀྱི་སྒྲ་སྙན་བདུང་ལེན་པ་རྒན་བདུད་པེ་མཆོག་སྐུ་གཤེགས་པ་ཐོས་མ་ཐག་ཆེད་དུ་བྲིས།
ཡི་གེ་རེ་རེས་མིག་ཆུ་ཉིལ་ལེར།།
འཇིག་རྟེན་མུན་པའི་སྒེའུ་ཁུང་ཕྱེས་བྱུང་།།
ཁ་བ་ནག་པོས་མྱ་ངན་གྱོན་ཏེ།།
ཆོ་ངེ་ལག་པས་ས་རྒོད་འབྲད་པ།།
ཚིག་གི་ལན་བུའི་གཡོ་སྐྱོམ་སྣེ་ན།།
གདངས་ཀྱི་མགྲིན་པ་སྒུར་ཞིང་དུད་པ།།
པི་ཝང་ཁེར་རྐྱང་ཧད་ཅིང་འཐོམ་སྟེ།།
ཐ་སྙད་རེ་ནི་སྐེ་རུ་འདྲུད་པ།།
རང་བྱུང་ཡ་ཆུང་གློ་རྡེག་ན་བ།།
གངས་ཀྱི་རལ་བས་དངན་པ་འབྱིན་ཞིང་།།
སྦྲ་ནག་མེ་ལྕེས་མཆོད་མེ་སྤར་ཏེ།།
དབྱངས་རྟ་སྐྱོ་བས་རྩྭ་ཐང་འགོམ་པ།།

རྒྱུད་སྐུད་ཆད་པའི་དབྱངས་ཀྱི་བཞི་མདོར།།
རྨ་ཆུ་སྔོན་མོས་སྐྱོ་ཡུས་བཏུང་ཞིང་།།
འཚོ་བའི་རུམ་ཁ་བརླན་ཞིང་གཤེར་བས།།
བདུང་ལེན་དང་ག་གཟེར་གྱིས་འཇུམ་པ།།
བཞུད་སྔའི་གཏམ་གྱིས་ཁ་ཆུ་འབྱོ་དུས།།
མི་ཡིས་འོ་དོད་དར་ཆེན་སྒུལ་ཞིང་།།
བག་ཆགས་མེ་ལོང་གདོང་ལ་ཅེར་ཏེ།།
མི་རྟག་ཆོས་ཀྱི་རྒྱུད་པར་འབྱར་བ།།
ཉལ་ཁྲིའི་ཤ་དྲོད་ག་ཤེད་ཡལ་དུས།།
མཐོ་སྒང་གློ་མཆིན་སྟེང་འོག་རྗེ་སྐད།།
གྲེ་འགྱུར་སྲོག་གི་རྒྱུད་སྐུད་ཆད་པས།།
མཚོ་བྱུང་ལྷ་མོས་མཆི་མ་འཐོར་སྐད།།
ཕ་ཡུལ་མཚན་མོས་ངུ་ཤུམ་བྱེད་པ།།
སྡུག་ཡུས་ཁུར་བའི་དབྱངས་ཀྱི་གོམ་པས།།
སེམས་ཀྱི་རོལ་མོའི་ཕྱི་ནང་ཀློག་ཅིང་།།
ཡིད་ཀྱི་རི་ཆུ་སྐྱོ་བས་གཙེས་པ།།
ང་ཡི་ཡིག་འབྲུ་དག་ནི་འདར་ཞིང་།།
སེམས་ཀྱི་བར་སྣང་དེ་བཞིན་རིབ་པས།།
ཚོར་བའི་གཤོག་སྣེས་བྲང་ཁར་འབྲབ་ན།།
ན་ཟུག་རྒོད་པའི་རྣམ་ཤེས་འགུལ་བ།།
འདུ་འབྲལ་ཆོས་ཀྱི་ལྟེབ་ཁུག་དྲན་ན།།
འཚོ་བའི་སྣང་བརྙན་ས་སྲོད་དམར་པོ།།
སྒྲ་སྙན་དཀར་པོའི་ཞལ་རས་བསམ་ན།།
ཕངས་སེམས་རྟ་རྒོད་ཁྱུ་དང་ཁྱུ་རེད།།
ད་ཀོ་འདང་རྒྱག་རི་རྩེར་དེད་ན།།
བར་སྣང་ཁམས་དེ་རང་ལ་གཏད་ན།།
ན་བུན་གྱ་གྱུའི་ཤུགས་གླུ་འཁོར་ཞིང་།།
ནགས་ཀྱི་ལོ་མས་སྨྲེ་ངག་འདོན་པ།།
བདུང་ལེན་སེམས་པ་སེམས་ལ་གླན་མྱོང་།།
གླུ་སྐད་ཚོར་བ་ཚོར་བར་བརྒྱུས་མྱོང་།།
མྱ་ངན་ས་མཐའི་སྨག་ལ་འབྲི་བཞིན།།
སྐྲ་ལོའི་སྐྱོ་ཉམས་མིག་ལ་ལྷུང་བྱུང་།།
སྐུ་ཞབས་ཁོང་གི་གླུ་སྐད་ཁྲོད་ནར་སོན་པའི་གྱི་ན་བ་འཕང་གིས་སིད་སུ་(Switzerland )རྒྱལ་ཁབ་ནས་ཡིད་སྐྱོ་བས་གཙེས་བཞིན་མྱ་ངན་དུ་ཕུལ།
༢༠༡༦/༢/༢༧ མཚན་མོར།

Leave a Reply