དབྱངས་ཅན་མའང་སྐྱོ་འོ།

མགོ་ལོག ལྡོང་ཕོ་ཉ། གངས་རིའི་སྙན་པ་དབྱངས་ཅན་མཚན་འཛིན།། སྙན་པའི་སྒྲ་ཡི་གསེར་ཏོག་སེར་བོ།། དེ་ཡི་ཐུགས་སྲས་བོད་པའི་པི་ཝང་།། གངས་ལྗོངས་ཁུ་བྱུག་ངག་གི་རྒྱལ་པོ།། གདངས་ཀྱི་འགྱུར་ཁུག་མཚོ་རུ་བཀུག་ཏེ།། སྙན་པའི་བདུད་རྩི་མཚོ་ལ་ཟགས་པས།། མཚོ་གཏིང་ཉ་སྲམ་ལྟད་མོར་བསུས་མྱོང་།། གངས་ལྗོངས་ཁུ་བྱུག་སྙན་པའི་རྒྱལ་པོ།། ལེགས་ཉེས་བླང་དོར་བསླབ་བྱའི་མན་ངག། གུང་ཐང་བསྟན་པའི་ཐུགས་ལས་གྲོལ་བ།། བགྲོ་ཀུན་རྣར་དབང་བདུད་རྩི་ཆར་བཞིན།། ཕབ་པའི་ཕོ་ཉ་གངས་ལྗོངས་ཁུ་བྱུག། དེ་ན་གང་ཞིག་ནག་པོ་བདུད་ཀྱིས།། གནོད་པས་ཉམ་ཆུང་ཚེ་སྲོག་གཅོད་པ།། ཞི་བར་མཛད་ནས་དཀར་ཕྱོགས་སྟོན་མཁས།། གངས་ལྗོངས་ཁུ་བྱུག་གླུ་ཡི་རྒྱལ་པོ།། བསོན་ནམས་མངན་པའི་ཡུལ་ཕྱོགས་གང་གི། སྙན་པའི་ངག་གི་སྲོག་ཤིང་ཆག་ནས།། མྱ་ངན་མིག་ཆུས་ས་ཆེན་བརླན་ན།། དབྱངས་ཅན་མའང་སྡུག་ཅིང་སྐྱོའོ།། འདི་ལྟར་ཁྱེད་རང་གང་ལ་བཞུད་ཀྱང་།། སྔོན་ལྟར་ཁྱེར་རང་འདི་རུ་སྐྱེས་ཏེ།། སྙན་པའི་གདངས་ཀྱི་པི་ཝང་ལྗང་ཁུ།། བསྐྱར་ཏུ་དཀྲོལ་བར་མོས་པས་བསྐུལ་ཡོད།། གློ་རྡེག་གངས་དང་ཁྱེད་ཉིད་གྱེས་བར།། རྩ་གསུམ་ལྷ་ཡིས་བསྐྱེལ་མ་མཛད་དེ།། བདེ་བ་ཅན་གྱི་ཞིང་མཆོག་དེ་རུ།། སྐྱེ་བའི་རྣམ་དག་སྙན་ངག་འདི་བཞེས།། 2016 2 29ཉིན་ཟི་ལིང་གི་སྐྲ་བཞར་ཁང་ཞིག་ནས་གདུང་སེམས་དང་བཅས་སྐར་མ་36བེད་སྤྱད་དེ་ཤར་མར་བྲིས།

ཁྱོད་སྔར་བཞིན་གངས་རི་དང་རྩྭ་ཐང་ཡིན།

 འབྲོག་ཤེས་རབ།(ནུབ་བྱང་མི་རིཊ་སློབ་ཆེན།) གྱང་ངོས་ཀྱི་མི་གཟུཊ་དེ་ལས་མི་གཟུཊ་སྐྱེས འཕྲེད་དུ་བཅད་པའི་མུན་པའི་གས་ཁ་ནས འཇིངས་སུ་བསྣུབ་པའི་གྲིབ་མས་མེ་ཏོག་གྱོན ཕུར་ཚུགས་སུ་བཏེགས་པའི་མགོ་སྤྲས་ལ མུན་ནག་གི་མེ་ལྕེས་མིག་ཆུ་ཕབ འདབ་ཆགས་མི་འཁོར་བའི་སྡོང་མགོ་དེ་ནས ཟླ་ངོགས་ནས་ལུག་ཁྱུ་འཚོས ཟམ་པའི་ཁ་ངོ་དཀྲུག་པའི་ཕར་རྒྱབ་ལ འོད་ཀྱི་རྒྱ་མཚོ་བྲུག་ནས་རྩྭ་ཐང་ཁུར རི་རབ་དང་གངས་རི་བྲོས་ནས མྱ་ངན་གྱི་ཆུ་འགོ་སྐམ ངག་གི་གཙང་བོ་བདས་པའི་གནས་མལ་དག ཐ་མག་དང་ཤེར་དམ་གྱི་སྨུག་པ་འཁྲིག་ནས ཟླ་བཅུ་གཅིག་པའི་ནམ་མཁར་འདྲེས་པར་གྱུར ལག་ནང་གི་བྱ་ཚོགས་རུལ་བར་གྱུར་ནས ལམ་ཕྲན་གྱི་ལོ་མ་ཐུར་དུ་བབ འཇམ་མཉེན་གྱི་མེ་དབལ་འགྱེན་དུ་འབར་རྗེས ཁ་མི་གྲགས་པའི་ཁྱོད་རང་སྔར་བཞིན་ཁུ་བྱུག་སྔོན་མོ་ཡིན

སྒྲ་སྙན་གྱི་རྒྱུད་སྐུད་ཆད་པ།


འཕང་། ࿐བོད་ཀྱི་སྒྲ་སྙན་བདུང་ལེན་པ་རྒན་བདུད་པེ་མཆོག་སྐུ་གཤེགས་པ་ཐོས་མ་ཐག་ཆེད་དུ་བྲིས། ཡི་གེ་རེ་རེས་མིག་ཆུ་ཉིལ་ལེར།། འཇིག་རྟེན་མུན་པའི་སྒེའུ་ཁུང་ཕྱེས་བྱུང་།། ཁ་བ་ནག་པོས་མྱ་ངན་གྱོན་ཏེ།། ཆོ་ངེ་ལག་པས་ས་རྒོད་འབྲད་པ།། ཚིག་གི་ལན་བུའི་གཡོ་སྐྱོམ་སྣེ་ན།། གདངས་ཀྱི་མགྲིན་པ་སྒུར་ཞིང་དུད་པ།། པི་ཝང་ཁེར་རྐྱང་ཧད་ཅིང་འཐོམ་སྟེ།། ཐ་སྙད་རེ་ནི་སྐེ་རུ་འདྲུད་པ།། རང་བྱུང་ཡ་ཆུང་གློ་རྡེག་ན་བ།། གངས་ཀྱི་རལ་བས་དངན་པ་འབྱིན་ཞིང་།། སྦྲ་ནག་མེ་ལྕེས་མཆོད་མེ་སྤར་ཏེ།། དབྱངས་རྟ་སྐྱོ་བས་རྩྭ་ཐང་འགོམ་པ།། 
རྒྱུད་སྐུད་ཆད་པའི་དབྱངས་ཀྱི་བཞི་མདོར།། རྨ་ཆུ་སྔོན་མོས་སྐྱོ་ཡུས་བཏུང་ཞིང་།། འཚོ་བའི་རུམ་ཁ་བརླན་ཞིང་གཤེར་བས།། བདུང་ལེན་དང་ག་གཟེར་གྱིས་འཇུམ་པ།། བཞུད་སྔའི་གཏམ་གྱིས་ཁ་ཆུ་འབྱོ་དུས།། མི་ཡིས་འོ་དོད་དར་ཆེན་སྒུལ་ཞིང་།། བག་ཆགས་མེ་ལོང་གདོང་ལ་ཅེར་ཏེ།། མི་རྟག་ཆོས་ཀྱི་རྒྱུད་པར་འབྱར་བ།། ཉལ་ཁྲིའི་ཤ་དྲོད་ག་ཤེད་ཡལ་དུས།། མཐོ་སྒང་གློ་མཆིན་སྟེང་འོག་རྗེ་སྐད།། གྲེ་འགྱུར་སྲོག་གི་རྒྱུད་སྐུད་ཆད་པས།། མཚོ་བྱུང་ལྷ་མོས་མཆི་མ་འཐོར་སྐད།། ཕ་ཡུལ་མཚན་མོས་ངུ་ཤུམ་བྱེད་པ།། སྡུག་ཡུས་ཁུར་བའི་དབྱངས་ཀྱི་གོམ་པས།། སེམས་ཀྱི་རོལ་མོའི་ཕྱི་ནང་ཀློག་ཅིང་།། ཡིད་ཀྱི་རི་ཆུ་སྐྱོ་བས་གཙེས་པ།། ང་ཡི་ཡིག་འབྲུ་དག་ནི་འདར་ཞིང་།། སེམས་ཀྱི་བར་སྣང་དེ་བཞིན་རིབ་པས།། ཚོར་བའི་གཤོག་སྣེས་བྲང་ཁར་འབྲབ་ན།། ན་ཟུག་རྒོད་པའི་རྣམ་ཤེས་འགུལ་བ།། འདུ་འབྲལ་ཆོས་ཀྱི་ལྟེབ་ཁུག་དྲན་ན།། འཚོ་བའི་སྣང་བརྙན་ས་སྲོད་དམར་པོ།། སྒྲ་སྙན་དཀར་པོའི་ཞལ་རས་བསམ་ན།། ཕངས་སེམས་རྟ་རྒོད་ཁྱུ་དང་ཁྱུ་རེད།། ད་ཀོ་འདང་རྒྱག་རི་རྩེར་དེད་ན།། བར་སྣང་ཁམས་དེ་རང་ལ་གཏད་ན།། ན་བུན་གྱ་གྱུའི་ཤུགས་གླུ་འཁོར་ཞིང་།། ནགས་ཀྱི་ལོ་མས་སྨྲེ་ངག་འདོན་པ།། བདུང་ལེན་སེམས་པ་སེམས་ལ་གླན་མྱོང་།། གླུ་སྐད་ཚོར་བ་ཚོར་བར་བརྒྱུས་མྱོང་།། མྱ་ངན་ས་མཐའི་སྨག་ལ་འབྲི་བཞིན།། སྐྲ་ལོའི་སྐྱོ་ཉམས་མིག་ལ་ལྷུང་བྱུང་།། སྐུ་ཞབས་ཁོང་གི་གླུ་སྐད་ཁྲོད་ནར་སོན་པའི་གྱི་ན་བ་འཕང་གིས་སིད་སུ་(Switzerland )རྒྱལ་ཁབ་ནས་ཡིད་སྐྱོ་བས་གཙེས་བཞིན་མྱ་ངན་དུ་ཕུལ། ༢༠༡༦/༢/༢༧ མཚན་མོར།

ས་མཐའི་སྒོ་འགྲམ་འདི་ནས་ཁྱེད་ཉིད་དྲན།

བོད་ཀྱི་ངེས་དོན་སྒྱུ་རྩལ་པ་བདུད་པེ་མཆོག་སྐུ་གཤེགས་ནས་ལོ་འཁོར་གཅིག་ལོན་པའི་རྗེས་དྲན་དུ། གངས་ཀྱི་གཤོག་རྩར་ཚོར་བའི་བྱ་ཁྱུས་བསྙེགས་ཐེངས་རེར།། ཁ་བས་མིག་ཆུ་དྲུད་དེ་མཁའ་མཐའ་བརླན་པར་བྱས།། རི་ཆུའི་མགྲིན་པ་དངངས་ཞོར་རྒོད་པོའི་རྗེས་ལ་བལྟས།། རང་བྱུང་འགྱུར་ཁུཊ་ཁད་ཀྱིས་འཇཊ་པས་ཁྱེད་ཉིད་དྲན།། སྦྲ་ནག་འོད་ཀྱི་མཆོད་མེས་ངུ་ཤུམ་འཐེན་ཐེངས་རེར།། ཟླ་བ་ཁེར་འགྲོའི་ཚིག་འབྲུ་ཡིད་ལ་ཝ་ལེར་ཤར།། སྐར་ཚོགས་མུན་པའི་སྒོར་རྩར་ལངས་ཤིང་མིག་ཆུ་ཕྱི།། དྲུག་འགྱུར་ལང་ཚོའི་གཟི་དཔལ་ཡལ་བས་ཁྱེད་ཉིད་དྲན།། བརྩེ་བའི་རྟ་ཕོས་ཁ་རྔོག་འཕྱོ་བཞིན་བཞུད་ཐེངས་རེར།། མེ་ཏོག་མིག་ཆུ་ཉིལ་ལེེར་ན་བུན་གཞུང་ལ་བརྙེས།། ཁུ་བྱུག་ངག་གི་རྒྱུད་སྐད་ཆད་ཅིང་མྱ་ངན་འཁོར།། སྒྲ་སྙན་གྲེ་བ་ག་ཤེད་འགག་པས་ཁྱེད་ཉིད་དྲན།། ཐ་སྙད་གར་མས་གདུང་དབྱངས་རྒྱུད་སྐུད་དཀྲོལ་ཐེངས་རེར།། ན་ཟུག་རྒུན་ཆང་གཡོ་སྐྱོམ་བར་ནས་སྨྲེང་བ་བཏུངས།། འཚོ་བའི་སྒེའུ་ཁུང་ནང་ནས་སྐྱོ་སྣང་རླུང་བུ་གཡུགས།། མགྲིན་དབྱངས་དབྱངས་ཟིལ་ཉམས་པས་ཁྱེད་ཉིད་དྲན།། བདུང་ལེན་རུས་རྐང་གཟེར་གྱིས་ཡང་ཡང་བཅུམས་ཐེངས་རེར།། སྒྲ་སྙན་རལ་བ་རྒྱབ་ལ་དཔྱངས་ཏེ་འཕྱིངས་ཤིང་གཟེངས།། ལོ་ཟླ་ཁེར་རྐྱང་རེ་ནི་ཚིག་གི་དངན་པར་ཁེན།། སྒྱུ་རྩལ་དང་ཁ་གློ་བུར་འཁྱགས་པས་ཁྱེད་རང་དྲན།། ༢༠༡༧/༢/༢༢ ཉིན་དམ་པ་ཁོང་གི་གླུ་སྐད་ཁྲོད་ནས་ནར་སོན་ཞིང་རྒས་བཞིན་པའི་གྱི་ན་བ་འཕང་གིས་སུད་སི་རྒྱལ་ཁབ་ནས་གདུང་བ་དང་བཅས།

༄༅། །བདེ་མོ་གྱིས།

  ད་ང་བུད་སོང་ང་བདེ་མོ་གྱིས། སེམས་སྡུག་མི་དགོས་ང་སླར་ཡང་གནས་འདིར་སྐྱེ་སྲིད། རྒྱུ་མཚན་ངས་སྐྱེ་བ་སྔ་ཕྱི་ཁས་ལེན་པས་ཡིན། དེ་བས་ང་སླར་ཡང་གནས་འདིར་སྐྱེས་འོང་། ཨ་མའི་བུ་ལ་སྐད་ངག་ཡོད་ན། སྙན་མོའི་ངག་ལ་བདག་པོ་མེད། ཆུང་དུས་ངས་ཁྱོད་ཚོའི་སྙན་དབང་གསོས་མྱོང་། རྒས་དུས་ཀྱང་ངས་ཁྱོད་ཚོར་རོལ་མོ་དཀྲོལ་མྱོང་། བོད་སྐད་རྣལ་མ་གོ་མཁན་ཞིག་ཡིན་ན། ངའི་རམ་དཀྲོལ་མ་གོ་ཟེར་བ་ཡོད་དམ། ངས་ང་ནམ་ཡང་ཕྱུག་པོ་ཞིག་ཡིན་འདོད་ཡོད། རྒྱུ་མཚན་ནི་ང་ལ་མངའ་རིས་ཀྱི་པི་ཝང་ཞིག་ཡོད། དབྱངས་ཅན་མའི་ཕྱག་ནའང་པི་ཝང་ཙམ་ལས་ཅི་ཞིག་ཡོད། ངས་ཆང་མང་ཙམ་འཐུང་བས་ལན་སོང་མི་གསུང་རོགས། ང་ཅི་ཙམ་བསྡད་ཀྱང་འདི་ཙམ་ལས་མི་འོང་། རྒྱུ་མཚན་ནི་ངའི་སྐད་ལའང་རྒས་རྒྱུ་ཡོད། ད་ནས་བཟུང་ང་དྲན་དུས་ངའི་རྡུང་ལེན་ལ་ཉོན། སེམས་སྐྱོ་དུས་ངའི་རྡུང་ལེན་ལ་ཉོན། དབྱར་ཐོན་དུས་ནགས་རྫོང་ལ་ཉོན་དང་། ཁུ་བྱུག་སྟོང་སྟོང་གྲག་པ་དེ་ངའི་སྐད་ཀྱི་སྤྲུལ་བ་ཡིན། ད་ང་བུད་སོང་ང་ངའི་སྐད་མ་ཤི་ན་ང་ཤི་མེད། ང་ནམ་ཡང་ཁྱོད་ཚོ་དང་ལྷན་དུ་ཡོད། ངའི་པི་ཝང་དེ་ད་ནས་བཟུང་ཁྱོད་ཚོར་སྤྲད་པ་ཡིན། བདག་པོ་ནི་ཁྱོད་ཚོ་རང་ཡིན་པས་སེམས་ལ་ཟུངས། མགར་རྒད་པོའམ་གང་བུ། རྩེ་ཁོག  

༄༅། །བདུད་བྷེ་ལགས། དབྱངས་ཀྱི་མྱི་བོ།

བདུད་བྷེ་ལགས་ལ་མྱ་ངན་གྱི་ཚབ་ཏུ་བྲིས།   གངས་རིའི་ལྟོངས་བར་བྱམས་དུངས་ཀྱིས་ཟུག་པའི་དབྱངས་ཀྱི་རྒྱུད་སྐུད། སྨན་ཁང་ནས་འདར་གཡུག་བྱས། ཙག་ཁ་ནས་འཁངས་ལ་བྱས། དྲ་ཐོག་ནས་འདར་ཙམ་བྱས། རླུང་གི་ངོགས་ནས་འདར་འདར་བའི་དེ་རིང་། གློ་བུར་དུ་འདར་མཚམས་ཆད་སོང་། སྐད་ཅིག་ལ་ཁ་རླངས་འཁྱགས་སོང་། བདུད་བྷེའི་དབྱངས་ཀྱི་རྒྱུད་སྐུད་སྟེང་འཚོ་བའི་སེམས་ཅན་སྐྱོ་གདུང་ཅན་ཚོ། ཟང་ཟིང་ལོང་ལོང་གིས་དྲ་ཐོག་ལ་བཤར་ཡོང་སྟེ། མིག་ཆུ་དཀར་པོ་ཕུད། མ་ཎི་ཡིག་དྲུག་གྱེར། དབྱངས་ཀྱི་མྱི་བོ་གཤེགས་ན་དེ་འདྲ་ལོས་བྱེད་ཨང་། སྐྱོ་གདུང་དང་རླབས་ཆེན་གྱིས་འདར་བའི་དབྱངས་ཀྱི་རྗེས་ཤུལ། རི་ཟོམ་མང་བོར་དཀར་ཆིལ་ལེར་བཀྲམས་ཡོད་པས། རི་ཁ་དང་ཆུ་རྒྱུད་དག་ལ་ཕོག་པའི་ཉི་ཟེར་ནི་མྱ་ངན་གྱིས་བཟུང་འདུག སྙན་འཇེབས་དང་འགྱུར་ཁུགས་ལ་བརྒྱུས་པའི་གླུ་ཡི་མཆོད་པ། མྱི་སེམས་ཁྲི་སྟོང་གི་དད་འདུན་ལ་ཕྲོད་བྱུང་བས། རྫ་ལམ་དང་གཙང་པོའི་གཞུང་ལ་འཕངས་པའི་སྐུ་ཟམ་ནི་ཕྱོགས་བཞི་ལ་དཔྱངས་འདུག བདུད་བྷེ་ལགས། དབྱངས་ཀྱི་མྱི་བོ། ངས་ནི་བོད་ཀྱི་པི་ཝང་གི་དབྱངས་རྟ་ག་དུས་གོ་ན། དེ་དུས་ཁྱེད་རང་དྲན་རྒྱུ་ཡིན། ཨ་མདོའི་བདུང་ལེན་གྱི་སྐུད་པ་སུ་ཡིས་དཀྲོལ་ན། དེ་དུས་ཁྱེད་རང་བསམ་རྒྱུ་ཡིན། བདུད་བྷེ་ལགས། དབྱངས་ཀྱི་མྱི་བོ། ཁྱེད་རང་སྐུ་གཤེགས་པ་དེས། ས་མཐོ་རི་གཙང་གི་ཡུལ་ལྗོངས་ཧྲིལ་པོ་འདར་དུ་བཅུག་ཡོད། ནང་བཅུད་སེམས་ཅན་གྱི་སྒྱུ་ལུས་གཡར་བོ་དངངས་བར་བྱས་ཡོད། མ་གཞི་ཁྱེད་རང་སྐུ་གཤེགས་པ་དེས། ངའི་སྙིང་ཁ་སྒམ་པོ་ཚལ་བར་བཏང་བ་བཤད་སྲོལ་མེད། ངའི་ནང་སེམས་ཧྲིལ་པོ་རྨས་ལ་ཤོར་བ་སྟོན་སྲོལ་མེད། བདུད་བྷེ་ལགས། དབྱངས་ཀྱི་མྱི་བོ། ཁྱེད་རང་ཕྱིར་མིག་ཅིག་ཀྱང་བལྟ་ལོངས་མེད་པར། པི་ཝང་དཀར་པོ་དཀྲོལ་དབང་མེད་པར། གློ་བུར་ཕེབས་ཤུལ་ནས། གངས་རིའི་སུལ་ན་གྱེས་ཤིང་། གངས་ཀྱི་སུལ་ལ་འཛོམས་པའི་སྡོད་དམངས་ངེད་ཚོའི་སེམས་རྩ་དྲག་ཏུ་ཁོལ་ནའང་། སྐྱོ་སྡུག་གི་ཨུ་ཧུའི་རྔམ་ཀ ཤུགས་ཆེན་པོས་ནང་ལ་བརྔུབས་པ་ལས་ཐབས་རྩལ་ག་རེ་ཡོད། བདུད་བྷེ་ལགས། དབྱངས་ཀྱི་མྱི་བོ། སྦྲ་རོག་རོག་ཚང་གི་མིག་འདུན་ཀྱི་སེར་ཀ་ནས། ཁྱེད་ཀྱི་སྐུ་གཟུགས་ཡལ་སོང་ནའང་། སེམས་དུངས་པ་ཅན་ཚོའི་ཐོས་འཛིན་གྱི་རྒྱུ་ལམ་ན། ཁྱེད་ཀྱི་གདངས་དབྱངས་ལ་འཆི་བ་མེད་དོ། །  ཨ་དོན་ཉི། ༢༠༡༦ལོའི་ཟླ༢ཚེས༢༨ཉིན།

༄༅། །མདོག་ཡལ་བའི་དབྱངས་ཀྱི་རྒྱུད་སྐུད།  

གངས་ལྗོངས་ཁུ་བྱུག་གམ་གླུ་བ་གདུ་བྷེ་ལགས་ཀྱི་འདས་སྐར་ལ་ཕུལ།   མི་ལ་ལས་ཁྱེད་ནི་མངོན་མཁྱེན་མཆིས་པའི་སྤྲུལ་སྐུ་རྣལ་མ་ཞིག་ཏུ་འདོད། ཡང་ལ་ལས་ཁྱེད་ནི་ལྷག་བསམ་དང་བྱམས་བརྩེའི་གཏམས་པའི་བླ་མ་ཞིག་ཏུ་འདོད། གང་ལྟར། ང་ཚོའི་མིག་གི་རིག་ས་ན་རྣ་ཡི་གོ་ས་ན་ཡོད་པ་ཁྱེད་ནི་གླུ་བ་ཞིག་དང་གངས་ལྗོངས་ ན་མིང་དུ་གྲགས་པའི་རྡུང་ལེན་མཁན་ཞིག་ཡིན་པ་སྨོས་མེད་ཡིན། ཁྱོད་རང་འཇིག་རྟེན་འདི་དང་ཁ་བྲལ་བའི་ཉིན་འདི་དག་གི་རིང་ལ་ཁྱེད་ལ་ཤ་ཉེ་བའི་ མི་དེ་དག་གིས་སྐད་འཕྲིན་དང་དྲ་ལམ་སྣ་ཚོགས་སུ་མྱ་ངན་གྱི་སྨོན་ཚིག་གང་མང་ སྤེལ་གི་འདུག ཆུང་དུས་ནས་ཁྱེད་ཀྱི་གླུ་སྐད་ལ་ཉན་མྱོང་། ཁྱེད་ཀྱི་གླུ་སྐད་དེ་ནི་ས་མཐོ་རི་གཙང་གི་གངས་ལྗོངས་ལུང་པ་ནས་འབྲུག་གྲགས་ བྱས་མྱོང་། ཁྱོད་རང་གིས་དུས་རྒྱུན་གླེང་བའི་སྐད་ཆ་ཞིག་ཡིད་ལ་འཁོར་བྱུང་། གངས་རི་དང་རྩྭ་ཐང་ལ་བསྟོད་པ། རྟ་ནོར་ལུག་གསུམ་ལ་བསྟོད་པ། བླ་མའི་མཛད་པ་དང་དགོན་སྡེ་ལ་སོགས་བསྟོད་པ་ཅེས་པའི་སྐད་ཆ་དེ་དག ཡིན་ཡང་། དུས་དེ་རིང་ཁྱོད་འཇིག་རྟེན་འདི་དང་གྱེས་ཟིན་ལ་ངའི་ཚེ་སྲོག་གི་འཕར་སྒྲ་ཇེ་ མགྱོགས་ནས་ཇེ་མགྱོགས་སུ་ཕྱིན། གདུ་བྷེ་ལགས། ཁྱེད་ཀྱི་ལྷད་མ་འདྲེས་པའི་སྐད་ངག་གི་དྭངས་ཆ་རེ་རེ་ན་མི་རིགས་ཤིག་གི་འདས་མ་ ད་གསུམ་གྱི་བྱ་བཞག་ཡོད། རྡུང་ལེན་ག་གེ་མོ་བླངས་ནས་ཁྱེད་གྲགས་མྱོང་ལ་ང་ཚོ་ཡང་གྲགས་མྱོང་། ཁྱེད་ཀྱི་ཕ་ཡུལ་གྱི་མི་རྣམས་སྤྲོ་མྱོང་། མི་རིགས་ཤིག་གི་གླུ་ངག་སྒྱུ་རྩལ་དར་མྱོང་། སྐད་ཆ་དྲང་མོ་རེ་ལབ་ན་ཁྱོད་བཞུད་པ་སྤྱིར་བཏང་གི་མི་ཕལ་བ་དང་ལར་ནས་མི་འདྲ། ཁྱེད་ལ་གཞན་དང་མི་མཚུངས་པའི་སྐད་ཆ་དང་རང་གཤིས། ངག་གི་འགྱུར་ཁུགས། སྒྲ་དཀྲོལ་སྟངས་སོགས་མང་པོ་ཡོད། དེ་བས། མི་ཚོགས་ཀྱིས་ཁྱེད་ལ་མྱ་ངན་མི་ཞུ་སུ་ལ་ཞུ། སྐྱེ་རྒ་ན་འཆི་སུ་དང་གང་གིས་འགོག་མི་ཐུབ། ངས་དེ་རིང་འདི་ནས་ཧ་ཅང་ང་རྒྱལ་གྱིས་བཤད་དོན་ང་ཚོའི་ནམ་ཡང་ཁྱེད་ཀྱི་གླུ་ངག་ གི་དབྱངས་རྟ་ཆད་དུ་མི་འཇུག ཁྱོས་བླངས་ཟིན་པའི་མངར་སྐྱུར་སྤྲོ་གསུམ་གྱི་རྡུང་ལེན་ཡོད་དོ་ཅོག་བོར་གི་ འཇུག་ག་ལ་རུང་། དཔེར་ན། ༼རི་དྭགས་སྐྱོ་གླུ༽ལྟ་བུ། རྒན་དར་གཞོན་གསུམ་ཉན་པར་སྤྲོ་བའི་རྡུང་ལེནདེ་རི། ང་ང་ཚོ་དངོས་གནས་མ་མེད་པའི་རི་དྭགས་དེ་ནང་བཞིན་ཧ་ཅང་སྐྱོ་གི་ཡོད། སྐྱོ་བ་ནི་ཕྱི་ནང་གི་སྡུག་སྨེ་འདོན་སྟངས་ཤིག ཤུལ་དུ་ལུས་པའི་ང་ཚོས་མ་ཎི་ལན་རེ་འདོན་པ་གཞན་བྱ་ཐབས་ཅི་ཡང་མ་བྱུང་། ཁྱེད་རང་མ་འདས་པའི་སྔ་རོལ་དུ་ཁྱེད་ལ་ཆང་འཐུང་རོགས་མང་། ཆང་འཐུང་ནས་ཁྱེད་ཀྱི་སྙན་གྲགས་ལ་ཞལ་མཇལ་བྱེད་མཁན་ཡང་མང་། ཁྱོས་ཆང་འཐུང་ནས་གླུ་བླངས། གླུ་དེ་དག་བརྙན་ལ་ཕབ། བརྙན་ཚང་མ་ཕྱོགས་བཞིར་སྐུར། ད་སྐབས་འདང་རྒྱབ་ན་བཀའ་དྲིན་ཆེའམ་ཉེས་དམིགས་ཆེ། ཁྱེད་ཕ་ཡུལ་མི་དམངས་ཀྱི་སེམས་ན་དབྱངས་ཀྱི་ལྷ་མོ་ཞིག་ཡིན་ལ་གྲུབ་ཆེན་ཅུས་ ཀོང་ཞིག་ཀྱང་ཡིན། ཁྱེད་རང་ཆང་ལ་དགའ་བ་ནང་བཞིན་ང་ཚོ་དངོས་གནས་དྲང་གནས་ཁྱེད་ཀྱི་གླུ་སྐད་ལ་དགའ། ང་སློབ་གྲྭ་ན་ཡོད་དུས་ཁྱེད་ཀྱི་མཚན་སྙན་བཤད་མྱོང་། ངས་ཧ་ཅང་ཡིན་མདོག་གིས་གདུ་བྷེ་དང་ངེད་གཉིས་ཀྱི་ཕ་ཡུལ་གཅིག་པ་ཡིན་ཞེས་བཤད་ མྱོང་།Continue Reading

༄༅། །དབྱངས་ཀྱི་རྣམ་ཤེས།

སུ་ལ་གསལ་ཆ་མེད། ང་ཚོ་བོད་ཁ་བ་ཅན་ལ་གསལ་ཆ་ཡོད། དེ་ནི་སུ་ཞིག་ཡིན་ནམ། དབྱངས་ཅན་མའི་པི་ཝང་གི་བདག་པོ་སྟེ། དབྱངས་དང་རྒྱུད་སྐུད་ཀྱི་བླ་སྲོག བདུད་འདུལ་རྡོ་རྗེ། གངས་རིའི་དཔང་དང་རྒྱ་མཚོའི་གཏིང་དུ་བྱིངས་པའི་གླུ་སྐད་ཅིག དཔྱིད་དཔལ་བསུ་བའི་ཕོ་ཉ་སྟེ། རིགས་རུས་སྐྱེད་ཚལ་དུ་མི་རྒྱུད་བཙན་པོ་ཞིག་གི་གླུ་སྐད་མཆེད་དུས། ཁྱོད་རང་སྟེ། ངའི་བླ་དང་སྲོག་གི་བ་དན་གྱི་ཡོ་ལང་། གདངས་དབྱངས་ཤིག་གི་འགྱུར་ཁུགས་དང་བསྡོངས་ནས་གངས་རི་དང་སྤང་ལྗོངས་ཉུལ་ནས། གཙང་བོ་དང་མེ་ཏོག་འཁོར་ནས། སླར་ཡང་ཁུ་བྱུག་གི་གམ་དུ། ཕ་གིའི་མི་ཚོགས་ཀྱིས་དཀྲོལ་བའི་པི་ཝང་སྟོང་གི་རྒྱུད་སྐུད་ཆད་སོང་ན་ནམ་ ཡང་མི་སྐྱོན། སེམས་སུ་སྒྱུ་རྩལ་སྟོང་བའི་གླུ་བ་བརྒྱ་ཕྲག་གི་ངག་སྒོ་འགག་པ་ནི་ནམ་ཡང་མི་ ཕངས། ཤིན་ཏུ་ཕངས་ཤིང་སེམས་པ་སྨྲེང་བའི་དབྱངས་ཀྱི་འགྱུར་ཁུགས་ཤིག གངས་རིའི་ཕྱི་ནང་མེད་པར། མི་རིགས་དང་ས་ཁོངས་བརྒལ་མཚམས། འདི་ལྟར་ཁྱོད་ཀྱིས་བཞག་སྟེ་ང་ཚོ་དང་གཏན་དུ་གྱེས་སོང་། ད་ནི་ངག་གི་དབང་ཕྱུག་སྟེ། མགྲིན་པ་ལོངས་སྤྱོད་ཀྱི་བདག་མོ། དབྱངས་ཀྱི་ལྷ་མོའི་པི་ཝང་དཀྲོལ་མཁན་དེ་སུ་ཡོད་དམ། སེམས་པ་རྨས་སོང་། སྐུད་པ་ཞིག་སོང་། ༼བརྩེ་ལྡན་གྱི་གངས་ཕྲུག༽སྟེ་དབྱངས་ཀྱི་རྒྱལ་བོ། དཔྱིད་དཔལ་བསུ་བའི་མགྲིན་པ་བདེ་མོ་ཞིག ནགས་ཚལ་དང་མི་ཚོགས་བག་ཕེབས་སྟེར་བའི་ཁུ་བྱུག་སྔོན་མོ། ནམ་ཡང་རྒས་ཉམས་མེད་པར་རིགས་ཀྱི་དར་ལྕེ། ལྷབ་ལྷུབ་གཡོ་བ། གཟི་བརྗིད་ཀྱིས་བསྐྱོད་པ། ཁ་སང་དང་དེ་རིང་མེད་པར། ལོ་དང་ཟླ་བ་མེད་པར། ཕ་ཁྱིམ་གཙང་མས་ཤེས་ཡོད། གངས་རི་དང་གཙང་བོས་ཤེས་ཡོད། རྩྭ་ཐང་དང་ནོར་ལུག་གིས་ཤེས་ཡོད། མི་སྟེ་ཁྱོད་ཀྱིས་མི་དེ་བརྗེད་ག་ལ་སྲིད། ༼ལས་དབང་༽ནི་འདི་འདྲའི་སོ་སོར་རྟག་འགོག་གི་རིག་པའི་རྒྱབ་དཔུང་ཞིག་ཡིན་པ་ ལ་ཨང་། མཁས་དབང་དགེ་ཆོས་ལགས་ཀྱིས་བྲིས་པ་བཞིན། གངས་ལྗོངས་བདུད་བྷེ་ལགས་ཀྱིས་བླངས་པ་བཞིན། ༼འདུ་འབྲལ་སྙིང་བོ་མེད་པའི་གླུ༽སྐྱེ་ཞིང་འཆི་བ་ལ་མཐའ་མེད་པ། ན་ཞིང་རྒ་བ་ལ་རྫོགས་མེད་པ། གླུ་སྐད་དེ་དང་དབྱངས་རྟ་དེ། པི་ཝང་དེ་དང་སྒྱུ་རྩལ་དེ། ཉམས་འགྱུར་དེ་དང་ལང་ཚོ་དེ། མདོར་ན་བོད་ཀྱི་གླུ་བ། སྒྱུ་རྩལ་གྱི་གར་སྟེགས་མཐོ་ས་ནས། གངས་རིའི་དབུ་འཕང་སྐྱོར་མྱོང་ལ། རྒྱ་མཚོའི་ཟབ་ཚད་གཞལ་མྱོང་། ཡིན་ཡང་། ཕྱིར་མི་ལྡོག་པའི་གཏན་ཚིགས་འདིས། འདུ་ཞིང་འབྲལ་བའི་མི་རྟག་འདིས།Continue Reading

༄༅། །ཁུ་བྱུག  གངས་ལྗོངས་ཀྱི་ཁུ་བྱུག  

གངས་རི་དང་སྤང་ལྗོངས་ནས་འཇགས་མ་མྱོང་བ་དེ་ཁུ་བྱུག་གི་གསུང་སྐད། གངས་རི་དང་སྤང་ལྗོངས་སྒུལ་མྱོང་མཁན་དེ་ཡང་ཁུ་བྱུག་གི་གསུང་སྐད། དེ་ཙམ་ གྱིས་ག་ལ་ཚད་དེ། གང་ནས་བྲིས་ཏེ་གང་ལ་སོང་ཡང་ཁུ་བྱུག་ནི་ཁ་བའི་ཁུ་བྱུག་ ཡིན། དཔྱིད་ཁ་འདི་དང་འགྲོགས་ནས་གངས་ལྗོངས་སུ་ལོག་ཤོག་དང་། ང་ཚོས་ ནམ་ཡང་གངས་རི་དང་སྤང་ཐང་གི་པང་ནས་ཁྱེད་ཀྱི་ལོག་ཕེབས་ལ་སྒུག་ཡོད། གངས་ལྗོངས་ཀྱི་ཁུ་བྱུག  ང་རང་ཚོ་དུས་གཏན་དུ་ཁྱེད་ཀྱི་གནས་མལ་ སྲུང་མཁན་དེ་ཡིན། སོ་སོའི་ལག་པར་རིང་ཐུང་ཡོད་སོང་བ་མ་གཏོགས་ནམ་ཞར་ ཁྱེད་ཕྱོགས་ལ་སྲིང་ཡོད། དུས་ཀྱི་གཙང་བོར་ནུབ་པའི་རིག་གནས་ཀྱི་ཀོ་གྲུ་སྨུག་པོ། གངས་རི་ནས་ ལམ་ནས་ཆས་ཤིང་གླུ་སྐད་གངས་ལ་ཟུག་པའི་ངག་གི་རྒྱལ་སྲས། སྒྱུ་རྩལ་རིགས་ ཤིག་གི་ཤོག་དཀར་མཐའ་གང་གི་ངོས་སུ་སུ་དང་གང་གིས་བྲིས་མ་མྱོང་ལ་འབྲི་ཡང་མ་ ཐུབ་པའི་ཚོན་མདངས་རྣམ་པར་བཀྲ་བའི་རི་མོ་ཞིག་ཕབ་རྗེས་བཞུད་སོང་བ་འདི་ཇི་ འདྲའི་བཟོད་དུ་མེད་པ་ཞིག་རེད་ཨང་། ང་ཡི་ཁུ་བྱུག ཁ་བའི་ཁུ་བྱུག སླར་ཡང་གངས་རིའི་པང་དུ་ལོག་ཤོག གངས་རིའི་འདབས་ནས་གངས་རིའི་གཏོས་དང་མཉམ་པའི་གླུ་དབྱངས་གངས་རི་ལ་སྤུར་ བའི་གངས་ལྗོངས་ཁུ་བྱུག་སྔོན་མོ། རྩྭ་ཐང་གི་སྤང་ནས་རྩྭ་ཐང་གི་ཁོད་དང་ མཉམ་པའི་གསུང་སྐད་རྩྭ་ཐང་ལ་གཏོར་བའི་ཁྲོ་ཁོའི་བདུད་འདུལ་རྡོ་རྗེ། ཁྱེད་ཀྱི་གླུ་སྐད་ལ་བརྒྱུས་པའི་རིགས་ཞེན་གྱི་དུངས་བ་ནི་སུ་དང་གང་གིས་ བཅོམ་དུ་མེད་ལ་གངས་རིའི་གསེང་ན་ལུས་ཡོད། ཁྱེད་ཀྱི་མགྲིན་ངག་ལ་བཅོལ་ བའི་ལ་རྒྱའི་གད་རྒྱངས་ནི་སུ་དང་གང་གིས་བསུབ་ཏུ་མེད་ལ་སྤང་ཐང་གི་རུམ་ན་ལུས་ ཡོད། ད་ནི་ལམ་ལ་ཆས་ཟིན་ཚར་བས་ངས་ནི་ཁ་རོག་གེར་ཁྱེད་ཀྱི་ཁ་སང་དང་ཁ་སང་མང་པོའི་ མཛེས་སྡུག་སྐྱོར་ནས་ཡོད། གླུ་སྐད་རུམ་ནས་ཡོད། དོ་ནུབ། གངས་རིའི་མིག་ཆུ་འབྱིན་ལ་གཙང་བོས་ངུ་སྐད་སྒྲོག ཆས་པ་རྡོ་རྗེ་ཚེ་རིང། ཅོ་ནེ། ༢༠༡༦ལོའི་ཟླ༡ཚེས༢༧ཉིན་གངས་ལྗོངས་ཁུ་བྱུག་སྔོན་མོར་མྱ་ངན་ཞུ་རྟེན་དུ་ཕུལ་བ་དགེ་གྱུར་ཅིག་གུ།

༄༅། །གངས་ལྗོངས་ཁུ་བྱུག་སྔོན་མོ་ང་ཚོ་དང་གཏན་དུ་གྱེས་སོང་།

དོ་དགོང་སྒྲ་སྙན་འབྲུག་མགོ་མ་ཞིག་གི་ རྒྱུད་སྐུད་ཆད་སོང་ཟེར། སྙན་འཇེབས་གླིང་བུ་ཞིག་དུམ་བུར་ཆག་སོང་ཟེར། ཐང་དཀར་རྒོད་པོ་ཞིག་རླུང་གི་སྤུ་གྲིས་འཐག་སོང་ཟེར། གངས་ རིའི་བུ་རྒོད་ཅིག་ཕྱི་མར་བཞུད་སོང་ཟེར།  རྒྱུད་དྲུག་པི་ལྦང་སྙན་ མོ་དཀྲོལ་མཚམས་བཞག་ནས་གཤེགས་སོང་ཟེར།  སྙན་འཇེབས་གླུ་ངག་སྙན་མོ་ལེན་མཚམས་བཞག་སྟེ་བཞུད་སོང་ཟེར།  བརྩེ་ལྡན་སློབ་བུ་མང་པོ་ཤུལ་དུ་བཞག་ནས་ཕེབས་སོང་ཟེར། ཉན་མཁན་ཁྲི་འབུམ་མང་བོར་གཏན་དུ་གྱེས་ནས་བུད་སོང་ཟེར།  དོ་དགོང་མུན་པ་ནག་ལ་རླུང་བུ་རྩུབ་པས་ང་ལ་གྲང་འདར་ཞིག་རྒྱག་ ཞོར་།  དོ་དགོང་སྐད་ངན་ཐོས་འཕྲལ་སེམས་པ་སྐྱོ་ནས་མིག་ཟུང་མཆི་མས་ བརླན་ཞོར། ཁྱེད་ལ་ནུས་ཚོད་ཀྱི་བསྔོ་སྨོན་དང་མཆོད་མེ་ཞིག་གི་རྫོང་བ་ཡོད། ཁྱེད་ ཀྱིས་མི་ཡུལ་ལ་ལེགས་སྐྱེས་སུ་ཕུལ་བའི་རྒས་མེད་ཀྱི་སྙིང་སྟོབས་དང་འཆི་མེད་ ཀྱི་ལོ་རྒྱུས། འཇགས་མེད་ཀྱི་གླུ་སྒྲ་རེ་རེས་གངས་དཀར་རི་བོ་འདར་དུ་ འཇུག་མྱོང་ལ་རོང་བའི་མཚོ་བདུན་སྐྱོམ་དུ་འཇུག་མྱོང་། ནེའུ་གསེང་མེ་ཏོག་དགོད་དུ་འཇུག་མྱོང་ལ། ས་ཡ་དྲུག་པོ་དགའ་རུ་འཇུག་མྱོང་།  དེ་རིང་ཁྱེད་ཀྱིས་ང་ཚོ་ལ་གཏན་གྱི་གྱེས་བརྡ་མཛད་ནས་ཕེབས་སོང་།  ཁུ་བྱུག་ལགས།  བདེ་བར་ཕེབས། ངས་འདི་ནས་མིག་ཟུང་མཆི་མས་སྒྲིབ་བཞིན་བསྔོ་སྨོན་དང་སྐྱོ་གདུང་གི་སྙན་ངག་ ཅིག་བྲིས་ཏེ་ཆེས་མཐའ་མཇུག་གི་སྐྱེལ་མ་ཡོད། ཁུ་བྱུག་ལགས། བདེ་བར་ ཕེབས། ཧོར་གཙང་བཀྲ་རྒྱམ། བླ་བྲང་། ༢༠༡༦ལོའི་ཟླ༢ཚེས༢༧ཉིན།